༄། ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བཞུགས་སོ། ། ། ། ༄༅༅། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བཀྲ་ཤིས་གང་ཞིག་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། ། གཅིག་ཉིད་དང་ནི་དུ་མ་ཉིད་ཀྱང་རྣམ་སྤངས་པའི། ། མ་གོས་གཟུགས་མེད་རྡུལ་དང་བྲལ་བ་གང་ཡིན་པའི། ། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག། བཀྲ་ཤིས་གང་ཞིག་སངས་རྒྱས་སྲས་ཀྱིས་ཡོངས་བསྐོར་ཞིང་། ། ལོངས་སྤྱོད་རྫོགས་སྐུ་དམ་ཆོས་ཀྱི་ནི་གསུང་དང་བཅས། ། མཚན་དང་དཔེ་བྱད་བཟང་པོས་ཡོངས་སུ་བརྒྱན་གྱུར་པ། ། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག། ། བཀྲ་ཤིས་གང་ཞིག་ནགས་ཀྱི་མེ་ནི་མཆེད་པ་ལྟར། ། འཇུག་དང་འབར་དང་ཡོངས་སུ་མྱ་ངན་འདས་པ་ཡིས། ། སྤྲུལ་པའི་སྐུ་མཆོག་གཞན་གྱི་དོན་ནི་མཛད་པ་པོ། ། བཀྲ་ཤིས་དེ་ཡིས་ཁྱེད་ལ་རྟག་ཏུ་བདེ་ལེགས་ཤོག། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་ལ་ཕན་བྱེད་པའི། ། སངས་རྒྱས་རྣམ་དག་བློ་ལྡན་ཉེས་པའི་ཚོགས་དང་བྲལ། ། ཤེས་རབ་ཡན་ལག་འདུས་པས་མཛེས་པ་བདེ་བའི་བདག། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར་བའོ། ། བཀྲ་ཤིས་གང་ཞིག་ལྷ་དང་ལྷ་མིན་མིས་མཆོད་པ། ། དེ་ཡི་བསྟན་པའི་དམ་ཆོས་བླ་ན་མེད་པ་ནི། ། བདག་མེད་འཇིག་རྟེན་གསུམ་ལ་རབ་ཏུ་གྲགས་པ་ཡི། ། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། ། བཀྲ་ཤིས་གང་ཞིག་རབ་མཆོག་དམ་ཆོས་རྟག་ཏུ་འཛིན། ། བཟང་པོའི་སར་ཞུགས་སངས་རྒྱས་སྲས་པོ་ཚོགས་ཀྱི་མཆོག། རྣམ་པ་ཀུན་དུ་སེམས་ཅན་དོན་མཛད་བཀྲ་ཤིས་བཟང་། ། བཀྲ་ཤིས་དེ་ཡིས་ཁྱེད་རྣམས་ལ་ནི་དབང་མཆོག་བསྐུར། །
The Auspicious Verses of the Three Jewels Homage to the Three Jewels! Whatever auspiciousness is the dharmakāya of the Victors, Which is utterly free from being one or many, Untainted, formless, and devoid of dust— By that auspiciousness, may you always have well-being! Whatever auspiciousness is the saṃbhogakāya, Surrounded by the sons of the Buddha, Together with the speech of the sublime Dharma, And fully adorned with the major and minor marks— By that auspiciousness, may you always have well-being! Whatever auspiciousness is the supreme nirmāṇakāya, Which, like a spreading forest fire, Enters, blazes, and passes into parinirvāṇa, Acting for the benefit of others— By that auspiciousness, may you always have well-being! Whatever auspiciousness is the pure, wise Buddha, Free from the collection of faults, Beautiful with the gathered branches of insight, The master of bliss who benefits all sentient beings— By that auspiciousness, may you be empowered with the supreme empowerment! Whatever auspiciousness is the unsurpassed sublime Dharma, The teaching of him who is worshipped by gods, asuras, and humans, Renowned throughout the three worlds as selflessness— By that auspiciousness, may you be empowered with the supreme empowerment! Whatever auspiciousness is the supreme, sublime Dharma, Always upheld by the assembly of the best sons of the Buddha, Who have entered the stage of excellence and act for the benefit of sentient beings in every way— By that auspiciousness, may you be empowered with the supreme empowerment!